Powered By Blogger

Wednesday, 4 April 2012


༅༅།  ཨོྃ་ཨཱཿ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ལྷོ་ནུབ་སྲིན་པོའི་ཡུལ་ནས་བསྐུར་བའི་འཕྲིན་ཡིག་
                      བཞུགས་སོ།།
   
སངས་རྒྱས་ཐམས་ཅད་ནུས་མཐུ་ཡིས། །ད་ལྟ་བདེ་བ་སྐད་ཅིག་ཙམ་ཞིག་འབྱུང་དུས་འདིར། 
བླ་སྤྲུལ་རྣམས་ཀྱིས་སྙན་གྲགས་ལས་ལ་འབད། །མི་ཡུལ་འགྲིམ་ནས་སེམས་ཅན་མགོ་བོ་བསྐོར། 
ཁ་བདེ་དྲན་འཕྲུལ་ཅན་གྱིས་གཞན་གྱི་རྒྱུ་ནོར་ལེན། །རྒྱུ་ནོར་ཆོས་ཕྱོགས་མི་བཏང་རང་གི་བདག་འཛིན་བྱེད།
གྲྭ་པ་རྣམས་ཀྱིས་ཁ་དོན་མི་བྱེད་བྲོ་དང་གླུ་གཞས་སྦྱོང༌། །དགེ་སྒྲུབ་སྦྱིན་པ་མི་གཏོང་གཞན་ནོར་ཅི་ལོན་བལྟ། 
གྲྭ་ཆོས་མི་བྱེད་རྒྱ་དང་ཧོར་གྱི་ཆས་སུ་བསྒྱུར། །ཇོ་མོ་རྣམས་ཀྱིས་ངོ་ཚ་མེད་པར་སྡོམ་པ་ཉམས། 
རང་རྒྱུད་བསད་ནས་སྡོམ་པ་བསྲུང་ཁུལ་བྱེད། །དགེ་སྦྱོར་མི་བྱེད་རྒྱན་ཆ་བྱུག་པར་བརྩོན། 
བུད་མེད་རྣམས་ཀྱིས་བཟའ་ཚང་བར་ལ་དཀྲུག་གཞི་བྱེད། །ཕ་མ་རྣམས་དེ་མི་འདོད་ཕྱི་ལ་ཕུད། 
བུ་སྤུན་ནང་ནས་གདམས་གསེས་བྱེད། །རང་རྒྱུབ་བསད་ནས་འགྱོད་བཤགས་མེད། 
ཉེ་འབྲེལ་ནང་ལ་མི་ཚངས་སྤྱོད། །སྐྱེ་བོ་རྣམས་ཀྱི་ལུས་ལ་བདུད་ཞུགས་ནས། 
ཤོ་སྦག་ལས་ལ་བརྩོན་ནས་བདུད་འདྲེ་འབོད། །དུ་བ་སྣ་ཐག་སྤྱོད་ནས་བདུད་སྲིན་སྤྱན་འདྲེན་བྱེད། 
ཆང་རག་འཐུང་ནས་རང་གི་ལྷ་སྲུང་ཕྱི་ལ་ཕུད། །དེ་ཡི་རྐྱེན་གྱིས་ས་སྟག་ལོ་ན་སྲིན་པོ་བོད་ལ་ཤོར། 
ཕྱོགས་མཚམས་ཀུན་ལ་བདུད་སྲིན་ཉམས་གྲིབ་འབྱུང༌། །སངས་རྒྱས་བསྟན་པ་མཐའ་ལ་ཐུག 
ལྷ་སྐུ་བསྟན་སྲུང་རྣམས་དེ་ཚོང་རྫས་བྱེད། །དེ་ཡི་བཀའ་ཆད་ནད་རིགས་ཐམས་ཅད་འབྱུང༌། 
ཕ་ནོར་རྒྱུ་རྫས་རྣམས་དེ་ཕྱི་གླིང་ཡུལ་དུ་བཙོང༌། དེ་ཡི་གཡང་ཉམས་ཆུ་ལོག་ས་སྙིང་འོང༌། 
ཆུ་འགོ་ས་རྒོད་བརྐོས་ནས་ཐོགས་སེར་འབྱུང༌། །ཤིང་གཉན་བཅད་ནས་ལོ་ཏོག་ཉེས། 
རྐུ་ཇག་འཕྲོག་པའི་རྐྱེན་གྱིས་རང་ཉིད་སྦྲང་པོར་འབྱུང༌། །ཤོ་སྦག་ལག་ལ་བླངས་ན་དབང་ཐང་ཉམས། 
དུ་བ་སྣ་ཐག་སྤྱོད་ན་ལྷ་སྲུང་ཉམས། །ཆང་རག་འཐུང་ན་ཚེ་ཐུང་ནད་མང་འབྱུང༌། 
དེ་འདྲའི་དུས་མཐའི་སེམས་ཅན་རྣམས། །ད་ལྟ་གནས་སྐབས་བདེ་བའི་དུས། 
ལས་དང་རྒྱུ་འབྲས་མི་བརྗེད་ནས། །ཁ་འདོན་དགེ་སྒྲུབ་མ་བརྗེད་ཨང༌། 
སངས་རྒྱས་བསྟན་པ་ཉམས་ལ་ཉེ་བ་མི་བརྗེད་ནས། །རང་ཉིད་སྡོམ་པ་ཚུལ་ཁྲིམས་སྲུངས། 
འདྲེ་སྲིན་དངོས་རྒྱུག་ཡིན་པར་མི་བརྗེད་པར། །པདྨ་ང་ལ་གསོལ་བ་ཐོབ། 
སྟག་གི་ལོ་ནས་སྲིན་པོ་བོད་ལ་ཤོར་བ་མི་བརྗེད་ནས། །ཉིན་མཚན་མེད་པར་བཛྲ་གུ་རུ་འདོན། 
ལྕགས་འབྲུག་ལོ་ལ་སྲིན་པོ་ཆུ་ལ་ཞུགས། །ཆུ་ལོག་ས་སྙིལ་གཉིས་ཀྱིས་མི་སྲོག་ཕོངས། 
ལྕགས་སྦྲུལ་ལོ་ལ་སྲིན་པོ་རླུང་དང་ཐོག་སེར་ཞུགས། །དེ་ཡིས་སེམས་ཅན་རྣམས་ལ་འཚེ་བ་བྱེད། 
ཆུ་ལུག་ལོ་ལ་ངེས་མེད་ནད་རིམས་མང་པོ་འབྱུང༌། །ཆང་རག་ཁ་ཟས་ཅན་དེ་གཟའ་ཡི་ནད་ཀྱིས་འཆི། 
ཤོ་སྦག་དར་ཕྱོགས་ཕོ་ཁའི་ནད་ཀྱིས་འཆི། །ཚིག་རྩུབ་སྐུར་བ་འདེབས་མཁན་གྲེ་བའི་ནད་ཀྱིས་འཆི། 
སྣ་ཐག་དུ་བ་སྤྱོད་པས་གློ་བའི་ནད་ཀྱིས་འཆི། །སྒོང་སྒོི་ཟོས་རྣམས་དེ་གྲིབ་ཁའི་ནད་ཀྱིས་འཆི། 
རྔོན་དང་རི་དྭགས་བསད་རྣམས་རྒྱུ་མའི་ནད་དང་མཆིན་པའི་ནད་ཀྱིས་འཆི། 
དུས་དེར་སྡིག་ཅན་མི་རྣམས་ནད་ཀྱིས་འཆི། །ཤིང་བྱ་སངས་རྒྱས་བསྟན་པ་ཉམས་ལ་ཉེ། 
བདུད་སྲིན་ཐམས་ཅད་ཟ་ཁ་དང༌། །ས་གླང་རྒྱལ་ཁམས་ཐམས་ཅད་འཁྲུགས་པ་འབྱུང༌། 
མི་རྣམས་ཕལ་ཆེར་འདི་ཡི་ནང་ལ་འཆི། །དེ་ཕན་འཁོར་བའི་མཚན་ཉིད་དེ་སུས་ཀྱང་བརྗོད་མི་ལང༌། 
འདི་འདྲ་དུས་ངན་བཟློག་བསམ་ན། །རྒྱུན་ཆད་མེད་པར་པདྨ་ང་ལ་གསོལ་བ་ཐོབ། 
ཉིན་མཚན་མེད་པར་བཛྲ་གུ་རུ་ཐོན། །ལས་དང་རྒྱུ་འབྲས་ཁྱད་དུ་མི་བསད་ན། 
པདྨ་ང་ཡི་གསུང་འདི་ཉམས་ལེན་མཛོད། །རྒྱུ་འབྲས་སྲུང་བཞིན་སྦྱིན་པ་བཏང༌། 
རྫུན་དང་མནའ་སྡིག་སྤོང་བར་མཛོད། །ང་ཡི་འཕྲིན་ཡིག་འདི་ལ་དད་པ་གྱིས། 
དེ་འདྲ་ཉམས་ལེན་སུས་བྱས་ན། །དུས་ངན་དམག་འཁྲུག་ནད་རིགས་ཐམས་ཅད་ཞི། 
འཛམ་གླིང་བདེ་སྐྱིད་ངང་ལ་གནས། །པདྨ་ང་ཡི་འཕྲིན་ཡིག་འདིར། 
འབྲི་འདོད་ཚར་གཅིག་སུས་བྱས་ན། །ཚེ་འདིར་ནད་མུག་མཚོན་འཁྲུག་ཞི། 
ཕྱི་མ་ཞིང་ས་བཟང་པོ་ཐོབ། །ཨོ་རྒྱན་པདྨ་ང་ཡི་སྙིང་གཏམ་འདི། 
རྣ་བར་ཐོས་པ་ཙམ་གྱིས་གདོན་བགེགས་ཞི་བ་དང༌། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། 
ལུས་ལ་བཏགས་ན་ཁ་རྗེ་བསོད་ནམས་འཕེལ་བར་འགྱུར། །འདྲེ་གདོན་ཀུན་གྱི་གནོད་པས་མི་ཚུགས། 
ཁང་ཁྱིམ་ནང་ལ་བཏགས་པས་འབྱུང་བཞིའི་དགྲ་དེ་ཞི། །གདོན་བགེགས་འདྲེ་སྲིན་ཐམས་ཅད་སྲུངས། 
དུད་ཚང་གཅིག་ལ་འཕྲིན་ཡིག་འདི་ཡོད་ན། །གྲོང་པ་དེ་ལ་ཕན་པར་ངེས། 
གྲོང་པ་གཅིག་ལ་འཕྲིན་ཡིག་འདི་ཡོད་ན། །རྒྱལ་ཁམས་ཀུན་ལ་ཕན། 
འཕྲིན་ཡིག་འདི་ལ་པདྨ་ང༌། །དབྱེར་མེད་དད་པ་སུས་བྱས་ན། 
འབྲེལ་མེད་སྤྱི་བོའི་རྒྱན་ལ་འོང༌། །བྱམས་པ་མ་བྱོན་བར་དུ་པདྨ་ང་ཡིས་སྐྱབས། 
འདི་མི་བཅུ་ལ་སྤེལ་བར་སུས་བྱས་ན། །ཚེ་འདི་བདུད་སྲིན་ཀུན་ལས་རྒྱལ། 
ཕྱི་མ་ཟངས་མདོག་དཔལ་རིར་སྐྱེ། །འདི་ལ་དད་ལོག་བྱེད་པའི་མི། 
ཚེ་འདི་ནད་མུག་མཚོན་གྱིས་འཚེ། །ཕྱི་མ་དམྱལ་བའི་གཏིང་ལ་འཇོག 
ཅེས་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་སྟག་ལོ་ཟླ་བ་དྲུག་པའི་ཚེས་བཅུ་ཉིན་ལྷོ་ནུབ་སྲིན་པོའི་ཡུལ་ནས་བོད་ལ་བསྐུར་བ་རྫོགས་སོ། །སརྦ་མངྒ་ལཾ།། །།


No comments:

Post a Comment