Powered By Blogger

Tuesday, 15 April 2014




           ཐ་མ་ཁའི་ ཉེས་དམིགས་ མདོ་ཙམ་ བསྟན་པ་བཞུགས་སོ། 

ཤཱ་ཀྱའི་རྒྱལ་དང་ཨོ་རྒྱན་རྗེ། དབྱེར་མེད་ངག་གི་དབང་པོ་ལ། བཏུད་ནས་ཀུན་ལ་ཕན་གདགས་སླད། དུག་རྫས་ཉེས་དམིགས་མདོ་ཙམ་བཤད། སྣོན་ཚེ་དགའ་རབ་དབང་ཕྱུག་སོགས། བདུད་རྒྱལ་དྲུག་གི་ལོག་སྨོན་དང་། སྲིན་མོའི་མངའ་ཁྲག་ས་བོན་ལས། བྱུང་བའི་ཟས་ཀྱི་དུ་རུ་ཁ། དེ་ཡང་དུག་ལྔའི་རྒྱུས་བྱུང་བའི། མེ་ཏོག་ཁ་དོག་རིགས་ལྔ་ཡོད། དེ་ཀུན་དུ་བ་ཁ་རླངས་ར། གནམ་ས་བར་གསུམ་སོང་བ་ཡིས། ལྷ་ཁྲོས་ཀླུ་བརྒྱལ་གཉན་འཆི་ཞིང་། དཀར་ཕྱོགས་ལྷ་སྲུང་རྒྱང་དུ་གྱེས། མི་ལ་བདུད་འབབ་བྱད་མཐུ་ཟུག  ཡུལ་དུ་མི་ཤིས་ཐན་ལྟས་འབྱུང་། གནས་དགོན་རྟེན་གསུམ་རབ་གནས་ཉམས། ས་སྟེང་ཆོས་ཀྱི་བྱིན་རླབས་ཡལ། མཐའ་ཡི་འབྱུང་བོ་དབུས་སུ་ལྷགས། དམ་སྲིར་བསྡོངས་ནས་འགྲོ་རྒྱུད་བརླམས། སྐྱེས་ཆེན་མི་བཞུགས་རྒྱལ་བསྟན་ནུབ། ལྟ་ལོག་ཆོས་ལོག་མང་དུ་དར། སྦས་ཡུལ་རྣམས་ཀྱི་དགེ་མཚན་འགྲིབ། སྐྱེ་འགྲོ་སྔར་མེད་ནད་ཀྱིས་འཆི། གསོ་དཔྱད་རིམ་འགྲོའི་ནུས་མཐུ་རྡུག སྣོད་བཅུད་གཡང་ཉམས་མུ་གེས་མནར། བོད་ཁམས་གཅིག་དུ་མ་ངེས་ཏེ། འཛམ་གླིང་སྲིད་པ་ཐམས་ཅད་འཁྲུགས། བཅངས་པས་བྱང་ཆུབ་སེམས་རྩ་སྐམ། འཐུང་ཚད་རྡོ་རྗེའི་དམྱལ་བར་ལྷུང་། རྩ་ནང་སོང་བས་དུག་ལྔ་རྒྱས། རང་རིག་འོད་གསལ་བག་ལ་ཞ། དབུ་མའི་ལམ་འགགས་རྒྱལ་བས་ཀྱང་། འཆི་ཚེ་འཕོ་བ་ཐེབས་པ་མིན། བསྒྲུབ་ཀྱང་དགེ་བའི་འབྲས་མི་འགྲུབ། མཆོག་གསུམ་ཐུགས་རྗེས་འདུལ་ཐབས་བྲལ། ཉེས་པ་གཞན་ཡང་བརྗོད་མི་ལངས་། ཉོ་འཚོང་ལག་ལེན་ལྟ་ཅི་སྨོས། དྲི་ཙམ་ཚོར་ཡང་དེ་མ་ཐག ཆུས་བཤལ་དམ་རྫས་བཟང་དྲུག་བྱུགས། འདི་འཐུང་མི་དང་ནམ་དུ་ཡང་། ཁ་ལག་སྤྱོད་གསུམ་བསྲེ་མི་རུང་། པད་འབྱུང་བཀའ་ལ་བསླུ་བ་མེད། ཤེས་བཞིན་ཧ་ལའི་དུག་མ་འཐུང་། ད་ནས་གཏན་དུ་སྤོང་བར་བྱ། དེ་ལྟར་ནུས་ན་ཚེ་འདི་དང་། ཕྱི་མའི་དོན་ཆེན་འགྲུབ་འགྱུར་ཏེ། བདེ་བ་ཅན་དུ་སྐྱེ་བར་གསུངས། དེ་སོགས་ཕན་ཡོན་དཔག་ཏུ་མེད། བདུད་ཀྱི་བར་ཆད་བཟློག་པ་དང་། རྒྱལ་ཁམས་བདེ་བའི་སྐུ་རིམ་ལ། འདི་སྤོང་ལས་ལྷག་ཡོད་པ་མིན། ང་ཡི་འགྲོ་དོན་གཙོ་བོ་ཡིན། དེ་གལ་ཆེ་བས་ཀུན་ལ་སྤེལ། དགེ་དེས་མ་རིག་སྐྱེ་འགྲོ་ལ། དུག་ཟས་མིང་ཡང་མི་གྲགས་ཤིང་། མཆོག་གསུམ་རྒྱུ་འབྲས་བདེན་ལམ་དུ། ཞུགས་ནས་ཕྱམ་གཅིག་འཚང་རྒྱ་ཤོག། །།


ཅེས་པའང་རང་བཟོའི་རྩོམ་ངག་དོན་མེད་དོན་ལོག་དུ་མི་ལྟ་སྟེ། ཨོ་རྒྱན་དུས་གསུམ་མཁྱེན་པའི་གཏེར་ལུང་ལྷད་མེད་མང་ལོ་དང་། མཁས་གྲུབ་རིས་མེད་དུ་མའི་གསུང་གི་དོན་མ་འཕྱུགས་པར་བསྡུས་ནས་བྲིས་པ་ལ། བདུད་ཀྱི་འབངས་འཁོར་དུ་གྱུར་པ་ཁ་ཅིག་འདི་ལ་སུན་འབྱིན་གཤེ་སྐུར་སྨྲ་བ་སྲིད་ནའང་སྙིང་རྗེའི་དམིགས་ཡུལ་དུ་བྱ༹་བ་ལས་ཕྱོགས་ལྷུང་དང་ཁོང་ཁྲོའི་མེ་ལྕེ་མཆེད་པའི་བུད་ཤིང་ལྟ་བུར་འགྱུར་བར་མཐོང་ནས་རྩོད་པ་དབྱིངས་ལ་གཞག་པར་བྱའོ། ཞེས་སྤོང་བ་པ་བྱ་བྲལ་སངས་རྒྱས་རྡོ་རྗེས་བོད་ཁ་འཐོར་བ་རྣམས་ལ་དུས་བབའ་ཀྱི་བསླབ་སྟོན་དུ་སྙིང་ནས་གདམས་པའོ༎ ༎

No comments:

Post a Comment